X

​བོད་སྐད་རྒྱང་སྒྲོག་ཟློས་གར་《འོད་གྱི་ལམ་བུ》

ཟླ་ཚེས།:2021-05-06 ཀློག་གྲངས:2293

བོད་སྐད་རྒྱང་སྒྲོག་ཟློས་གར་《འོད་ཀྱི་ལམ་བུ་》ཞེས་པ་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ཉིན་གཏོང་རྒྱུ།

    ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གསར་རྩོམ་བྱས་པའི་རང་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་བྱ་བ་བརྗོད་བྱ་བྱས་པའི་བོད་སྐད་རྒྱང་སྒྲོག་ཟློས་གར་《འོད་ཀྱི་ལམ་བུ་》ཞེས་པ་ད་ལྟ་ཡོངས་སུ་སྒྲིག་སྦྱོར་ལེགས་འགྲུབ་བྱུང་ཞིང་། རྒྱུས་ལོན་བྱས་པ་ལྟར་ན་སྤྱི་ཟླ་༥པའི་ཚེས་༡-༢ཉིན་ཏེ་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྐབས་དང་བསྟུན་ནས། ཨ་མདོའི་བོད་སྐད་རྒྱང་སྒྲོག་འཕྲིན་ལམ་ནས་རྒྱ་ཆེའི་ཉན་མཁན་མང་ཚོགས་ཀྱི་དར་ལུང་རྣ་བའི་གསོས་སུ་འབུལ་རྒྱུ་རེད།

     རྒྱང་སྒྲོག་ཟློས་གར་《འོད་ཀྱི་ལམ་བུ་》ཞེས་པ་ནི་ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་རིགས་ཤིག་ཡིན་པ་དང་། དེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་སྔོན་གྱི་ཀྲུའུ་རེན་ནམ་རྩོམ་པ་པོ་གྲགས་ཅན་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ་གདན་འདྲེན་ཞུས་ཏེ་འཁྲབ་གཞུང་གསར་རྩོམ་བགྱིས་ཤིང་། འཁྲབ་གཞུང་གི་འགན་འཁུར་མི་སྣ་ཚང་མ་སྔ་གཞུག་ཏུ་རང་ཁུལ་གྱི་ལིན་ཐཱན་རྫོང་དང་ཐེ་བོ་རྫོང་། རྨ་ཆུ་རྫོང་སོགས་ཀྱི་གཞི་རིམ་དབུལ་སྐྱོར་སྡེ་བར་ཟབ་ཞུགས་ནན་མོ་བྱས་ནས་འཚོ་བར་རོལ་མྱོང་དང་གཏམ་རྒྱུད་རྒྱུས་ལོན་བྱས་ཏེ་འཁྲབ་གཞུང་གསར་རྩོམ་ལ་རིན་ཐང་ལྡན་པའི་རྒྱུ་ཆ་མང་བོ་འཚོལ་བསྡུ་བགྱིས་པར་མ་ཟད།འཁྲབ་གཞུང་གི་མི་སྣ་བཀོད་སྒྲིག་དང་གཏམ་རྒྱུད་ཀྱི་བྱུང་རིམ། མི་སྣའི་འགལ་འདུ་སོགས་ལ་ཀན་སུའུ་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྒོམ་པ་བཀྲ་ཤིས་དང་དགེ་འདུན། ལྷ་རྒྱལ་ཚེ་རིང་སོགས་ཆེད་ལས་མཁས་པ་བཅུས་མཛུབ་སྟོན་དང་ཞིབ་དཔྱད་ནན་མོ་གནང་བ་རེད།

     ཟློས་གར་འདིའི་གཏམ་རྒྱུད་དེ་ཁུལ་དབུལ་སྐྱོར་ལས་ཁུངས་ཀྱི་ལས་བྱེད་པ་ཆེ་གེ་མོར་གློ་བུར་དུ་ཡང་བསྐྱར་གཞི་རིམ་དུ་ལས་འཁྱེར་ལ་འགྲོ་དགོས་པའི་བརྡ་ཐོ་འབྱོར་བའི་གཏམ་རྒྱུད་ནས་མགོ་བརྩམས་ཤིང་། ཀྱག་ཀྱོག་ལྡན་པའི་བྱུང་རིམ་དང་། གསོན་ཉམས་དོད་པོའི་སྒྱུ་རྩལ་མཚོན་ཐབས་ཀྱིས་རང་ཁུལ་གྱི་རིགས་སོ་སོའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་རང་སེམས་ཀྱི་ཐོག་མའི་ཕུགས་འདུན་དང་། རང་སྟེང་གི་རེ་བའི་འགན་འཁྲི་མ་བརྗེད་པར་ཁུལ་ཡོངས་ཀྱི་དབུལ་སྐྱོར་འགག་སྒྲོལ་བྱ་བའི་ཐད་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས་མི་སེམས་འགུལ་བའི་གཏམ་རྒྱུད་དང་རླབས་ཆེ་བའི་བྱས་རྗེས་རབ་དང་རིམ་པ་བཞག་ཡོད་པ་གསལ་བཤད་བགྱིས་ཡོད་པ་དང་། ཏང་གི་མང་ཚོགས་ཕྱུག་འགྱུར་གྱི་སྲིད་ཇུས་བཟང་བོའི་དྲོད་ཁོལ་འོག་ཏུ་ཁུལ་ཡོངས་ཀྱི་སྤྱི་ཚོགས་འཚོ་བའི་གནས་བབ་སོ་སོར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་པའི་དུས་རབས་གསར་པའི་རྣམ་པ་ཡོངས་སུ་མཚོན་ཡོད།

    གཞན་ད་དུང་གོ་ཐོས་ལྟར་ན།  ཐེངས་འདིའི་རྒྱང་སྒྲོག་ཟློས་གར་འདི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་བོད་སྐད་རྒྱང་སྒྲོག་གིས་ཟླ༥བའི་ཚེས་༣དང་ཚེས་༤ཉིན་གཏོང་རྒྱུ་རེད།།


གསར་འགོད་པ། ཁྱུང་བོ་ཚེ་རིང་།

རྩོམ་སྒྲིག་པ།  སངས་རྒྱས་སྐྱབས།

རྩོམ་སྒྲིག་འགན་འཁུར་བ། པད་མ་ཚེ་རིང་།

ཞུ་དག་པ། ཧོར་གཙང་དོན་འགྲུབ།

ལྟ་སྐུལ་བ། ཁྲིན་ཝེ་ཕིན།

སྤྱིའི་ལྟ་སྐུལ་བ། བསོད་ནམས་རྒྱ་མཚོ།