X

ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གནོད་མེད་ལྔའི་ཀན་ལྷོ་གསར་འཛུགས་ལ་ཤུགས་བརྒྱབ་ཅིང་དཔྱིད་འདེབས་ཐོན་སྐྱེད་ལ་གཞོགས་འདེགས་བྱས།

ཟླ་ཚེས།:2021-03-30 ཀློག་གྲངས:2296

ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གནོད་མེད་ལྔའི་ཀན་ལྷོ་གསར་འཛུགས་ལ་ཤུགས་བརྒྱབ་ཅིང་དཔྱིད་འདེབས་ཐོན་སྐྱེད་ལ་གཞོགས་འདེགས་བྱས།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་ཅིང་གནོད་མེད་ལྔའི་ཀན་ལྷོ་གསར་འཛུགས་ཀྱི་ཁོངས་ཡོངས་སུ་རྫས་ལུད་ཀྱི་གནོད་པ་མེད་པ་གནད་ཁེལ་ངང་དོན་སྨིན་ཡོང་བ་ཁག་ཐེག་བྱ་ཆེད།  ཟླ་3པའི་ཚེས་19ཉིན།  ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རོགས་སྐྱོར་བྱ་བ་དང་ཟུང་དུ་འབྲེལ་ཞིང་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་ནས་ལིན་ཐན་རྫོང་གཡང་ཡོང་གྲོང་རྡལ་ཐེ་ཕིན་དང་པེ་ཐུའུ་སྡེ་བ་གཉིས་ཀྱི་མང་ཚོགས་ལ་སྐྱེ་ལྡན་ལུད་ཉོས་ཤིང་སྒོ་ཁར་བསྐྱལ་ནས་དཔྱིད་འདེབས་ཐོན་སྐྱེད་ལ་གཞོགས་འདེགས་བྱས།

  གནོད་མེད་ལྔའི་ཀན་ལྷོ་གསར་འཛུགས་འགུལ་སྐྱོད་ཁྲོད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་ཕྱོགས་ཡོངས་ནས་སྤེལ་དགོས་ཤིང་།ད་ལོའི་ཞིང་ལས་ལོ་ཏོག་ལ་སྐྱེ་ལྡན་ལུད་སྤྱོད་ཚད་བརྒྱ་ཆ100ལ་སླེབས་ནས་ཁོངས་ཡོངས་སུ་རྫས་ལུད་མེད་པ་མངོན་འགྱུར་ཡོང་དགོས་ཞེས་གསལ་བོར་བསྟན་ཡོད།  བཅོལ་གདམ་ནི་འགན་འཁྲི་ཡིན་པས་ལིན་ཐན་རྫོང་གཡང་ཡོང་གྲོང་རྡལ་ཐེ་ཕིན་དང་པེ་ཐུའུ་སྡེ་བ་གཉིས་ཀྱི་རོགས་སྐྱོར་ལས་ཁུངས་ཡིན་པའི་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཡིས་སྡེ་བ་འདི་གཉིས་ཀྱི་སྐྱེ་ལྡན་ལུད་ཉོ་སྒྲུབ་བྱ་བར་མཐོང་ཆེན་ཚད་མེད་བྱས་ཏེ།སྔ་ཙམ་ནས་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཤིང་།ཧུར་ཐག་གིས་མ་དངུལ་སྒོར་ཆིག་འབུམ་ལྔ་ཁྲི་གྲབས་གསོག་བྱས་ནས་བསང་ཆུ་རྫོང་ཟླ་བ་གཡང་འཛོམས་སྐྱེ་ལྡན་ལུད་ཞིབ་ལས་ཕྱིར་འཚོང་ཚད་ཡོད་ཀུང་སུ་ནས་ལུད་ཏུན་137ཉོས་ཏེ། དཔྱིད་ཀའི་རྨོ་འདེབས་སྔོན་དུ་སྡེ་བ་གཉིས་ཀྱི་འདེབས་འཛུགས་ཁྱིམ་ཚང་655འི་ལག་ལ་འཕྲོད་དུ་བཅུག

    ལིན་ཐན་རྫོང་གཡང་ཡོང་གྲོང་རྡལ་ཐེ་ཕིན་སྡེ་བའི་མང་ཚོགས་དབྱང་ཅིན་ཧྭ་ཡིས་བཤད་རྒྱུར། ད་ལྟ་ནི་ཏག་ཏག་དཔྱིད་ཀྱི་རྨོ་འདེབས་སྐབས་ཡིན་པ་དང་། སྲིད་གཞུང་གིས་ང་ཚོར་སྐྱེ་ལྡན་ལུད་ཀྱི་བཟང་ཆ་མང་བོ་བསྒྲགས་སོང་ལ།དེ་རིང་ཡང་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ང་ཚོར་སྐྱེ་ལྡན་ལུད་བསྐྱལ་ནས་ཐོན་ཡོད་པས་ང་ཚོའི་རེ་བའི་འདོད་པ་བསྐངས་སོང་བཀའ་དྲིན་ཆེ་ཟེར།

  རྒྱུས་ལོན་པ་ལྟར་ན། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཡང་ཡོང་གྲོང་རྡལ་ཐེ་ཕིན་སྡེ་བ་དང་པེ་ཐུའུ་སྡེ་བར་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་ནས་བཟུང་།མི་ཤུགས་དང་རྒྱུ་ཤུགས་སོགས་གང་ཅུའི་ཐད་ནས་སྡེ་བ་གཉིས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་།ལས་ཁུངས་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བས་སོ་སོའི་གཉེན་ཉེ་ལྟར་རོགས་སྐྱོར་ཁྱིམ་ཚང་ལ་དབུལ་ཐར་ཕྱུག་འགྱུར་གྱི་ཐབས་ཇུས་འདོན་རོགས་དང་རྒྱུ་ཤུགས་གང་ནུས་བཏོན།ལོ་ལྔའི་རིང་། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཆུང་ས་ནས་དབུལ་ཕོངས་ཁྱིམ་ཚང་གི་ཟ་འཐུང་གོན་པ་དང་།གནོད་ཐེབས་ཁྱིམ་ཚང་གི་སྐྱིད་སྡུག  དེ་ནས་སྡེ་བའི་ལྗང་བསྒྱུར་དང་ཁོར་ཡུག་གཙང་སྦྲ་བདག་སྐྱོང་།ལས་གཞི་བརྩོན་ལེན་སོགས་ཀྱི་ཕྱོགས་ནས་དོན་དངོས་མང་པོ་བསྒྲུབས་པ་དང་། ཁྱོན་ཡོངས་ནས་སྡེ་བ་གཉིས་དབུལ་ཐར་འབྱུང་བར་རིག་སྟོབས་འདོན་སྤེལ་བྱས།

  ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་ལ་བཀའ་དྲིན་ཞུ་ཆེད།གཡང་ཡོང་གྲོང་རྡལ་ཐེ་ཕིན་སྡེ་བ་དང་པེ་ཐུའུ་སྡེ་བའི་མང་ཚོགས་ཀྱིས་རང་འགུལ་ངང་ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་༼རོགས་སྐྱོར་རྣལ་མས་དམངས་ལ་དྲོད་ཁོལ་བསྩལ།།མེད་ལྔའི་ཀན་ལྷོ་འབྱོར་འབྲིང་ལམ་དུ་སྐྱོད།། ༽ཅེས་པ་དང་། ༼ཐབས་ནུས་ཡོད་རྒུས་དམངས་ལ་དོན་དངོས་བསྒྲུབས།།བརྩེ་བ་བཅངས་ནས་དམངས་ཀྱི་དཀའ་ཁག་སེལ།།༽ཞེས་པའི་གོས་དར་བྱིན་ནས་ཁོ་ཚོའི་བཀའ་དྲིན་ཞུ་བའི་སེམས་པ་མཚོན་པར་བྱས།།(བོད་སྐད་གསར་འགྱུར་ལོ་ཙཱ་ཚན་ཁག)



རྩོམ་སྒྲིག་པ། པད་མ་ཚེ་རིང་།

ཞུ་དག་པ། ཧོར་གཙང་དོན་འགྲུབ།

ལྟ་སྐུལ་བ། ཁྲིན་ཝེ་ཕིན།

སྤྱིའི་ལྟ་སྐུལ་བ། བསོད་ནམས་རྒྱ་མཚོ།